མཐའ་བྲག།

མཐའ་བྲག་གནས་ཀྱི་སྒྲུབ་ཁང་གི་སྒོ་ཁར་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོག་གསོལཝ་ཚོགས་འབད་བཞེས་སའི་གསོལ་ཐབ་ཨིན་ཟེར་བའི་ རྡོའི་ཐབ་ཅིག་ཡང་མཇལ་ནི་འདུག།དེ་མ་ཚད་ གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་མཆོག་ཡང་ སྐྱབས་ཆ་རྫོང་རྙིངམ་ཡོད་ས་ལས་སྦེ་ མཐའ་བྲག་གནས་ཀྱི་རྩ་བར་ སྐུ་མཚམས་བཅད་དེ་བཞུགས་པའི་སྐབས་ལུ་ མདོ་སྡེ་པོ་ཏི་ ༡༦པོ་བླ་མའི་ཕྱག་བྲིས་ཨིན་ཟེར་མི་འདི་ ད་རེས་ནངས་པ་རིན་ཐང་ཁའི་ལྷ་ཁང་གི་ནང་རྟེན་སྦེ་བཞུགས་ཡོདཔ་ཨིན་པས།
མཐའ་བྲག་གནས་ཟེར་སླབ་དགོ་མི་དེ་ཡང་ དེ་བསྒང་ ས་གནས་སྤྱིར་བཏང་གི་མིང་ལུ་རིགས་མཐའ་ཟེར་སླབ་དོ་ཡོདཔ་ལས་ གནས་དེ་གི་མིང་ཡང་མཐའ་བྲག་དང་ གཡུས་ཀྱི་མིང་ཡང་ མཐའ་བྲག་ཕར་ཁར་དང་ མཐའ་བྲག་རྩ་བར་ཟེར་སླབ་སྲོལ་ཚུད་ཡོདཔ་ཨིན་པས།གཙང་མཁན་ཆེན་འཇམ་དབྱངས༌དཔལ་ལྡན་རྒྱ་མཚོ་མཆོག་ བྱག་ཕུག་དེ་ཁར་ སྒོམ་ཉམས་ལེན་གནང་སྟེ་ མདོ་སྡེ་པོ་ཏི་ ༡༦ པོ་འབྲི་བའི་སྐབས་ལུ་ མཐའ་བྲག་གནས་ཀྱི་བཙན་ཅིག་ཨིན་མི་ སྒོམ་ཆེན་དེ་གི་བཞུགས་གནས་འདི་ སྐྱབས་ཆ་སྒང་ཁ་ལུ་བཞུགས་དོ་ཡོདཔ་ཨིན་རུང་ གསོལ་ཚོགས་སྐབས་ ཤ་ཁྲག་མ་བཞེས་པའི་བསྙེན་རྫོགས་ཅིག་འབདཝ་ལས་ ཚར་ཅིག་འབདཝ་ད་ ཁོ་རའི་སྲིངམོ་གིས་ ཧོན་ཚོད་ཀྱི་འདབ་མ་གུ་ ཀ་ཤའི་ཁྲག་ཐིགས་རེག་སྟེ་ཡོད་མི་དེ་ མོ་གིས༌མ་ཤེས་པར་གསོལ་བསྒྱེས་བཟོ་སྟེ་ དྲང་ཡོད་མི་དེ་བཞེས་ཡོདཔ་ལས་ དེ་ཚེ་ཕྱི་རུ་གནམ་མེད་ས་མེད་གཉིད་ཁུག་སོ་ནུག་ཟེར་ཨིན་པས། དེ་གི་ནངས་པ་དྲོ་པ་ ཁོ་རའི་སྲིངམོ་ལུ་ ཁ་ཙ་ཁྱོད་ཀྱིས་ཚོདམ་ནང་ག་ཅི་བླུགས་བླུགསཔ་ཨིན་ན་མ་ཤེས་ ང་གཟུགས་ཡང་བདེ་ཏོག་ཏོ་དང་ གཉིད་ཡང་ལེགས་ཤོམ་སྦེ་ཁུག་ནུག་ཟེར་སླབ་ད་ སྲིངམོ་གིས་ གཞན་ག་ནི་ཡང་མ་བླུགས་ ཚོད་འདབ་གུ་ཁྲག་ཐིགས་ཅིག་རེག་ནུག་ དེ་དྲང་དྲངམ་ཨིན་ཟེར་ཞུཝ་ད་ ཁྲག་ཐིགས་གཅིག་གིས་ཡང་ དེ་ཚུན་ཚོད་གཟུགས་ཁམས་བདེ་བ་ཅིན་ ཤ་ཟ་བ་ཅིན་དེ་སླབ་རང་མི་དགོ་ནི་མས་ཟེར་གསུངས་ཏེ་ སྒང་ཁ་པའི་ར་ཅིག་བསད་དེ་ཟ་ནི་དེ་གིས་ སྒང་ཁ་པ་གིས་བདའ་བཏང་ཡོདཔ་ལས་ སྒོམ་ཆེན་དེ་མཐའ་བྲག་གནས་ཁངདེ་ནང་ལྷོད་ཡོདཔ་ཨིན་པས། དེ་གིས་
སྦེ་ ད་རེས་ནངས་པ་ སྒང་ཁཔ་ཚུ་མཐའ་བྲག་གནས་ཁང་མགུ་ལས་ཕར་ རྟ་ཁར་བཞོན་ཏེ་འགྱོ་མ་ཆོགཔ་མ་ཚད་ རྐང་ཐང་སྦེ་ཡང་འགྱོ་ནི་མེདཔ་ཨིན་མས།

དེ་ནང་བཞུགས་པའི་སྒོམ་ཆེན་གྱིས་ གཙང་མཁན་ཆེན་ལུ་ མཐའ་བྲག་བྱག་གུ་ལས་མར་རྡོ་རྦོབ་འགྲིལ་གཏང་སྟེ་ བླམ་ལུ་འཚུབས་བཀལཝ་ལས་བརྟེན་ བླམ་གིས་ སྒོམ་ཆེན་དེ་དམ་ལུ་བཏགས་ནི་སྦེ་ དྲག་པོའི་སྦྱིན་བསྲེག་གནང་ནིའི་དོན་ལུ་ ཕྱག་ཞུ་མི་དགེ་སློང་གཅིག་ སྦྱིན་བསྲེག་གི་ཤིང་འཚོལ་བར་བཏངམ་ད་ མཐའ་བྲག་གི་སྒོམ་ཆེན་དེ་དང་ཕྱད་དེ་ ལོ་རྒྱུས་ཚུ་དྲིས་དཔྱད་འབད་དེ་སླབ་པའི་ཤུལ་ལུ་ མཐའ་བྲག་བཙན་གྱིས་དགེ་སློང་དེ་ལུ་ ཁྱོད་ཀྱིས་བླམ་ལུ་ཞུ་ཞིནམ་ལས་ བདུད་བཙན་དྲག་པོ་སྦྱིན་བསྲེག་མ་གནང་པར་བཀའ་དྲིན་བསྐྱང་གནང་དགོ་པའི་ཞུ་བ་ཕུལཝ་ལས་ དགེ་སློང་གིས་ཡང་བླམ་ལུ་ཞུ་སྟེ་སྦྱིན་བསྲེག་མ་གནང་པར་བཞག་ཡོད་པའི་ལོ་རྒྱུས་འདུག།


སྒོམ་ཆེན་དེ་བླམ་བཞུགས་སར་འབོ་སྟེ་ སྐྱབས་ཆ་གླིང་ལྔའི་ གནསཔོ་སྦེ་བཀའ་བསྒོ་གནང་སྟེ་ གསོལ་མཆོད་ཕུལ་ནི་དེ་ཡང་ སྐྱབས་ཆ་དཔོན་སློབ་རིམ་བྱོན་གྱིས་ ཕུལ་དགོཔ་སྦེ་བཀའ་གནངམ་བཞིན་དུ་ དཔོན་སློབ་རིམ་བྱོན་ཚུ་གིས་ཡང་ བླ་མའི་བཀའ་བཞིན་དུ་ཁས་ལེན་དམ་བཅའ་འབད་ཡོད་པའི་ལམ་སྲོལ་མ་ཉམས་པར་ ད་རེས་ནངས་པ་ཡང་ཆུ་ཁ་རྫོང་ཁག་གི་ཁ་ཐུག་ལས་ བཙན་གསོལ་ཐེངས་གཉིས་གཉིས་དེ་རེ་ རྩིས་སྲུང་ཞུ་དགོ་པའི་སྲོལ་འདུག། དེ་མ་ཚད་མཐའ་བྲག་གནས་དེ་ནང་འགྱོ་སའི་ལམ་ཁར་ མཐའ་བྲག་བཙན་གྱི་བླ་མཚོ་ཟེར་ མཚོ་འགོ་མཇུག་ག་ཏེ་ཡང་མེདཔ་ཅིག་ཡང་མཇལ་ནི་འདུག།