རྫོང་ཁག་གི་སྐོར།

འཆར་སྣང།

མི་སྡེ་གཅིག་མཐུན་ སྔར་ཁྱུན་ཡུན་གནས་ལམ་སྲོལ། ཉམས་མེད་རང་བཞིན་གནས་སྟངས། འདྲ་མཉམ་གོང་འཕེལ་དང་ལྡན་པའི་ དཔལ་འབྱོར་འགོ་འཁྲིད་ཅན་གྱི་རྫོང་ཁག།

དམིགས་སྐྱེད།

རྫོང་ཁག་གི་མི་སེར་ཚུའི་བདེ་སྐྱིད་དང་འཚོ་སྐྱོང་གི་དོན་ལུ་ འོས་མཐུན་དང་ལྡན་པའི་གནས་སྟངས་ཀྱི་ཐོག་ལས་ དཔལ་འབྱོར་གོང་འཕེལ་གྱི་ལཱ་རིགས་སྣ་ཚོགས་སྤྲོད་ནི།

 

ཆུ་ཁ་རྫོང་ཁག་འདི་ རྒྱ་གར་རྒྱལ་ཁབ་ནང་ལུ་ འབྲུག་རྒྱལ་ཁབ་ཀྱི་ནུབ་ཕྱོགས་དང་དབུས་ཕྱོགས་ནང་འཛུལ་སའི་འཛུལ་སྒོ་ཨིན། ཆུ་ཁ་རྫོང་ཁག་འོག་གི་ཕུན་ཚོགས་གླིང་དྲུང་ཁག་འདི་རྒྱལ་ཁབ་ཀྱི་ ཚོང་འབྲེལ་གྱི་ས་སྒོ་སྦོམ་ཤོས་ཅིག་ཨིན། ཕུན་ཚོགས་གླིང་འདི་ ནང་འདྲེན་དང་ཕྱིར་ཚོང་འཐབ་སའི་བརྒྱུད་ལམ་ངོ་མ་ཅིག་ཨིན། རྫོང་ཁག་འདི་ཡང་ སྤྱི་ལོ་ ༡༩༨༧ སྤྱི་ཟླ ༤ པའི་ནང་ མི་རློབས་ ༨༤,༢༠༣ དེ་ཅིག་ཡོདཔ་ད་གཞི་བཙུགས་འབད་ནུག།  རྫོང་ཁག་གི་སའི་རྒྱ་ཚད་འདི་ཡང་ km sq ༡༨༨༢.༣༨ ཡོདཔ་དང་ ཐོ་ཚད་ མི་ཊར་ ༡༦༠ ལས་ ༤༤༨༠ དེ་ཅིག་ཡོདཔ་ཨིན། རྫོང་ཁག་འདི་ རྒྱལ་ས་ལྟེ་བ་ཐིམ་ཕུག་དང་  སྣུམ་འཁོར་གཉིས་འགྱོ་བཏུབ་པའི་འཁོར་ལམ་གྱི་མཐུད་འབྲེལ་འབད་ཡོདཔ་དང་ ཆུ་ཚོད་རེ་རེའི་ནང་འཁོད་ སྣུམ་འཁོར་བཱས་རེ་འགྲོ་འགྲུལ་འབད་དོ་ཡོདཔ་ཨིན།

 

འཁོར་ལམ་འདི་རྒེད་འོག་ག་རའི་ནང་ལྷོད་དེ་ཡོདཔ་དང་ མཐུན་རྐྱེན་གཞན་ དཔེར་ན་ འཐུང་ཆུ་ གློག་མེ་ དེ་ལས་ བརྒྱུད་འཕྲིན་གྱི་བརྒྱུད་ལམ་ཚུ་ཡང་ ལྷོད་དེ་ཡོདཔ་ཨིན། རྒེད་འོག་གི་ཡིག་ཚང་ག་ར་ Govnet མཐུད་འབྲེལ་འབད་ཡོདཔ་དང་། བརྒྱུད་ལམ་འདི་ གཞུང་གི་ཡིག་ཚང་དང་ གཞི་རྟེན་གསོ་བའི་སྨན་ཁང་ཚུ་ཡང་མཐུད་སྦྲེལ་འབད་ཡོདཔ་ཨིན། རྒྱལ་ཁབ་ཀྱི་འོང་འབབ་ངོ་མ་ཨིན་མིའི་ ཆུ་ཁ་གློག་མེ་འཕྲུལ་ཨམ་དང་ དར་ལ་གློག་མེ་འཕྲུལ་ཨམ་ཚུ་ཡོདཔ་ཨིན། པག་ས་ཁ་འདི་ བཟོ་གྲྭ་ཁང་ཡོད་པའི་ཁྲོམ་ཨིན།

མི་མང་ཤོས་ར་ སྒོ་ནོར་སེམས་ཅན་དང་སོ་ནམ་ལཱ་ལུ་བརྟེན་ཏེ་སྡོདཔ་ཨིན། ལོ་ཐོག་ཚུ་གི་ནང་ལས་བྱཱ་ལཱ་འདི་མངམ་སྦེ་འབདཝ་ཨིན། ཚལ་ལུ་ དང་ཀེ་བ་ དེ་ལས་ཨ་ལཱན་ཅི་ཚུ་ཡང་ དངུལ་གྱི་དོན་ལུ་བཙུགསཔ་ཨིན། ཆུ་ཁ་རྫོང་ཁག་ནང་ལུ་ ཁྲོམ་སྡེ་གཅིག་དང་ དྲུང་ཁག་གཅིག་ དེ་ལས་རྒེད་འོག་ཁག་༡༡ ཡོདཔ་ཨིན།་

 

རྫོང་ཁག་བདག་སྐྱོང་སྐོར།

ས་ཆའི་གདོང་ཕྱེད་ཀྱི་དབྱིབས་ - ཀི་ལོ་མི་ཊར་གྲུ་གཞི་ ༡༨༨༢.༣༨

མི་རློབས - ༨༤༢༠༣

ཕོ - ༤༧༧༥༧

མོ - ༣༦༤༤༦

ཁྱིམ་གུང - ༢༨༧༠

དྲུང་ཁག - ཕུན་ཚོགས་གླིང།

རྒེད་འོག - བྱ་ཕྱོགས། སྦོང་སྒོ། སྐྱབས་ཆ། གདུང་ན། དགེ་གླིང་། དགེ་སྟག་ན། སྨད་བསྟབ་ཁ། ལོག་ཅི་ན། ཕུན་ཚོགས་གླིང་ དར་ལ་དང་བསམ་འཕེལ་གླིང།