གཏུམ་བྲག་ཨ་མའི་གནས་སྐོར།

ས་གནསཿ དར་ལ་རྒེད་འོག

༉ གཏུམ་བྲག་ཨ་མའི་གནས་དེ་ དར་ལ་རྒེད་འོག་ ས་གནས་སྐལ་བཟང་རིའི་ལ་ཞོལ་ ཤཱཀྱ་ཕུའི་ཉེ་འདབ་ལུ་ རྒྱ་གར་གྱི་ས་གནས་ ཇཱ་ཡན་ཏི་གཡུས་ཚན་གྱི་སྦོ་ལོགས་ཁར་ འབྲུག་དང་རྒྱ་གར་གྱི་ས་མཚམས་ལུ་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཀྲར་༦༠ དེམ་ཅིག་འགྲོ་འགྲུལ་འབད་བའི་ས་ཁར་ རྒྱ་གར་གྱི་ཁྲོམ་ ཇཱ་ཡན་ཏི་ལུ་ལྷོད་དོ་ཡོདཔ་དང་། དེ་ཁར་ལས་ ཆུའི་མཐའམ་བརྡ་ཏེ་ ཀི་ལོ་མི་ཀྲར་༥ དེམ་ཅིག་འགྱོ་ཏེ་ གནས་སྒོ་ཁར་ལུ་ལྷོད་པའི་ཤུལ་ལུ་ ད་རུང་ཁ་ཡར་གྱེན་ཁ་ཐུག་ དུས་ཡུན་སྐར་མ་༢༠ དེམ་ཅིག་རྐང་ཐང་སྦེ་འགྱོ་དགོས་དོ་ཡོདཔ་ཨིན། ད་ལྟོ་གི་གནས་སྟངས་ཁར་ལུ་ གནས་དེ་ནང་ལུ་ བླམ་གཅིག་ ཆུ་ཁ་རབ་སྡེ་ལས་བསྐོ་བཞག་འབད་དེ་ཡོདཔ་མ་ཚད་ མཁོ་ཆེ་བའི་མཐུན་རྐྱེན་ཚུ་ཡང་ ཆུ་ཁ་རབ་སྡེ་དང་ རྫོང་ཁག་བདག་སྐྱོང་གིས་གནང་ཏེ་ཡོདཔ་ཨིན། ཨིན་དེ་འབད་རུང་ གནས་དེ་ཁར་ལུ་ འགྲུལ་འཕྲིན་གྱི་བརྒྱུད་ལམ་དང་ གློག་མེ་གི་བརྒྱུད་ལམ་ཚུ་གང་ཡང་མེདཔ་ཨིན། 

བླམཿ འཇིགས་མེད་དབང་ཕྱུག འགྲུལ་འཕྲིན་ཨངཿ ༡༧༣༥༧༢༠༠ 

གནས་གལ་གནད་ཅན་གྱི་སྐཽར།

གཏུམ་བྲག་ཨ་མའི་གནས་འདི་ཁར་ སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེ་བཅས་ བླམ་རྩ་ཆེན་མང་རབ་ཅིག་གིས་ ཞབས་ཀྱིས་བཅགས་ བྱིན་གྱི་རླབས་ཡོདཔ་མ་ཚད། ལྷག་པར་དུ་ཡང་ གནས་འདིའི་ མཛན་ཉིད་དེ་སྦེ་དར་དགོས་པའི་རྒྱུ་མཚན་ངོ་མ་རང་ གནས་འདི་ ཨམ་ཨེ་ཀ་ཛཱ་ཏི་གི་གནས་ཟེར་སློབ་སྲོལ་ཡོདཔ་མ་ཚད་ ཨམ་རྐང་གཅིགམ་ཟེར་ཡང་སླབ་སྲོལ་ཡོདཔ་བརྟེན་ཏེ་ཨིན་བས། ད་རེས་ ཨམ་རྐང་གཅིགམོ་གི་ སྐུ་འདྲ་འདི་ བྲག་ཕུག་གུར་ལུ་འཇལ་ཚུགས་དོ་ཡོདཔ་མ་ཚད་ ཁ་རྒྱུན་ལུ་ གཏེར་སྟོན་འབྲུག་སྒྲ་རྡོེ་གིས་ ཨམ་རྐང་གཅིགམོ་གི་རྟེན་ལ་སོགས་ཚུ་བཏོན་གནང་གནངམ་ཨིནམ་སྦེ་བཤད་དོ་ཡོདཔ་དང་ ད་རེས་སྐུ་འདྲ་ཚུ་སྐྱབས་ཆ་རྒེད་འོག་ རྡོ་ཁ་ཀེར་དགོན་པ་ལུ་ འཇལ་ཚུགས་དོ་ཡོདཔ་ཨིན། 

གཏུམ་བྲག་ཨ་མའི་གནས་འདི་ཁར་ལུ་ ལྷ་མོ་ཨེ་ཀ་ཛཱ་ཏིའི་བླ་མཚོ་ཡང་འཇལ་ནི་ཡོདཔ་མ་ཚད་ མཚོ་ཡོད་སར་ལུ་གནས་སྐོརཔ་ཚུ་གིས་ ལོ་བསྟར་བཞིན་དུ་གསོལ་མཆོད་ཕུལ་བར་འོང་དོ་ཡོདཔ་ཨིན། གནས་འདི་ཁར་ལུ་ ལྷ་མོ་ནོར་རྒྱུན་མའི་གནས་དང་ གཞན་ཡང་ གཏུམ་བྲག་ཨ་མའི་གཡས་ཁ་ཐུག་ལུ་ ཡ་ཚན་ཅན་གྱི་ གནས་ལེ་ཤ་ཡོད་པའི་ནང་ལས་ རྫེ་བཙུན་སྒྲོལ་མ་ཉེར་གཅིག་གི་གནས་འདི་ཡང་ སྒྲོལ་མ་ཉེར་གཅིག་གི་སྐུ་དང་ དཀྱིལ་འཁོར་ བླ་མཚོ་ བཀའ་བརྒྱད་མཆོད་རྟེན་ ལ་སོགས་པའི་གནས་ཚུ་ཡང་འཇལ་ནི་ཡོདཔ་ཨིན། དེ་མ་ཚད་ ག་ནི་བ་རྩ་ཆེན་གྱི་ ཚང་ཚིང་མེ་རི་འབར་བའི་དུར་ཁྲོད་ཟེར་ དུར་ཁྲོད་རྩ་ཆེན་པོ་བརྒྱད་ཀྱི་ནང་གསེས་ལས་གཅིག་ས་ཁོངས་འདི་ཁར་ལུ་ཆགས་ཏེ་ཡོདཔ་ཨིན། 

གནས་འདི་ཁར་ རྒྱ་གར་དང་འབྲུག་ལས་གནས་སྐོརཔ་མང་རབ་ཅིག་འོང་དོ་ཡོདཔ་དང་ ལྷག་པར་དུ་ཡང་ ལོ་བསྟར་གྱི་ ཤིབ་རཱས་ཏཱ་གི་དུས་ཆེན་གྱི་སྐབས་ལུ་ མི་སྟོང་ཕྲག་ལས་བཅད་དེ་གནས་འཇལ་བར་འོང་དོ་ཡོདཔ་ཨིན། 

 

All the information are through Dzongkhag Cultural Officer