ད་རེས་ནངས་པ་ རིན་ཐང༌ཁ་ཟེར་སླབ་སྲོལ་ཡོད་པའི་ སྐྱབས་ཆའི་གཡུས་དེའི་མགུ་ལུ་རྡོ་ཁ་ཀེར་དགོན་པ་ཟེར་མི་དེ་ སྐྱབས་ཆའི་མི་སེར་ཚུ་གིས་ ཕྱག་དང་མཆོད་པ་ཕུལ་སའི་དགོན་སྡེ་ཅིག་སྦེ་ བཞུགས་ཡོད་མི་དེ་ རབ་བྱུང་ ༡༡ པའི་སྤྱི་ལོ་ ༡༦༥༠ དེ་ཅིག་ཁར་ ཐིམ་ཡུལ་ལྕང་སྒང་ཁའི་ཆོས་རྗེ་གདུང་བརྒྱུད་ཀྱི་ བླམ་དཔལ་འབྱོར་གྱི་སྲས་ལུ་སྐུ་འཁྲུངས་མི་ གདུང་བརྒྱུད་ཆོས་མཛད་རས་ཆུང་པ་ ཕྲིན་ལས་རྒྱ་མཚོ་ཟེར་མི་དེ་ གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་གྱིས་ལུང་བསྟན་གསུངས་མི་དང་འཁྲིལ་ བྱོན་ཡོད་པའི་ར་ཁུངས་ཡང་ རྣམ་རྒྱལ་བསྟན་འཛིན་གྱིས་མཛད་པའི་རྣམ་ཐར་འགྲོ་བའི་མགོན་པོ་ གྲུབ་ཆེན་སྦྱིན་པ་རྒྱལ་མཚན་གྱི་རྣམ་པར་ཐར་པའི་ནང་ལུ་ དེ་ནས་ཡང་ཆོས་རྗེའི་ཞལ་ནས། རས་ཆུང་པ་འཕྲིན་ལས་རྒྱ་མཚོ་སྐྱབས་ཁྲའི་བླ་མ་ལ་སོང་གསུངས་ནས་ལུང་བསྟན་གྱི་མགུར་འདི་གསུངས་སོ། གསོན་དང་སྐལ་ལྡན་རིགས་ཀྱི་བུ། །གུ་རུའི་ལུང་བསྟན་མཁའ་འགྲོའི་གནས། །ཆུ་ཡན་ལག་བརྒྱད་ལྡན་གསུམ་གྱི་དབུས། །ནོར་བུ་སྤུངས་པ་འདྲ་བའི་རི། །མདུན་རི་མཎྜལ་འབུལ་འདྲ་བ། །རྒྱབ་དར་ཡོལ་བ་དཔྱངས་འདྲའི་རི། །རི་གཡུ་རལ་སྔོན་མོ་འདྲ་བའི་
སྟེང་། །ཕ་བོང་སྣ་སྐྱེལ་ཡོད་པའི་ས། །དཔའ་བོ་མཁའ་འགྲོའི་འཁྱམས་ས་ཡོད། །བུ་ཁྱོད་ཀྱི་གདུལ་བྱ་དེ་ན་ཡོད། །སྒྲུབ་པའི་རྒྱལ་མཚན་ཚུགས་པར་འགྱུར། །ཡེངས་བརྗེད་མེད་པ་ཆུ་བོའི་གཞུང་ལྟ་བུ། །གཡོ་འགུལ་མེད་པ་རི་བོ་ལྟ་བུ་གྱིས། །ཞེས་གསུངས་ཏེ་ ངག་དབང་བསྟན་པ་དང་། ངག་དབང་འབྲུག་རྒྱལ་དང་། བསྟན་འཛིན་གྲགས་པ་དང་། འདི་གསུམ་ཕྱག་གཡོག་ལ་གནང་ནས་སྐྱབས་ཁྲ་ལ་བྱོན་ཏེ་སྒྲུབ་པའི་རྒྱལ་མཚན་ཚུགས་པར་གྱུར་ཏོ། ཟེར་བླ་མའི་ལུང་བསྟན་དང་འཁྲིལ་ཏེ་ སྐྱབས་ཆའི་གཡུས་ཁར་ཕྱག་ཕེབས་ཏེ་ཟེར་མོ་ལའི་མགུ་ལུ་ཕེབས་ད་ ཡར་གྱི་རི་མགོ་ལུ་གཟིགསཔ་ཙམ་གྱིས་ མཛེས་ཤིང་ཡིད་དུ་འོང་བའི་ཤིང་སྡོང་སྦོམ་ཅིག་གཟིགསཔ་ལས་བརྟེན་ ཤིང་སྡོང་དེའི་རྩ་བར་བྱོན་ཏེ་གུང་ཞག་གསུམ་དེ་ཅིག་སྒྲུབ་པ་གནང་སྟེ་བཞུགས་ཡོདཔ་ལས་ ཤིང་སྡོང་དེའི་མིང་ལུ་ཡང་ བླ་མའི་སྟོང་ཕུ་རྩ་བར་ཟེར་སླབ་སྲོལ་བྱུང་ཡོདཔ་ཨིན་པས།
དེའི་ཤུལ་ལས་ཡར་རི་རྩེ་ལུ་བྱོན་པའི་སྐབས་ལུ་ ད་རེས་ཆགས་ཡོད་པའི་དགོན་པའི་གཡོན་ཁ་ཐུག་ལུ་ རྡོ་ཕུང་ཁང་སྦུག་འདྲ་བའི་ཉམས་དགའ་བ་ ཁ་གནམ་ཁར་ཀེར་ཡོད་པའི་གདོང་ཕྱོགས་ལུ་ མཛེས་ཤིང་ཡིད་དུ་འོང་བའི་སྔོ་ཤིང་གི་རྩ་བར་བྱག་གི་གསེབ་ནང་ལུ་སྒྲུབ་པ་གནང་སྟེ་བཞུགས་ཡོདཔ་ཨིན་པས། དེ་ལས་བཟུང་གདན་ས་དེའི་རྨང་གཞི་བཙུགས་ཏེ་དགོན་པ་བཞེངས་ཏེ་ ལྷ་ཁང་དེའི་མཚན་ལུ་ རྡོ་ཁ་ཀེར་དགོན་པ་ཟེར་བཏགས་གནང་ནུག། དགོན་པ་དེ་ཁ་ལས་ སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ ཆོས་རྗེ་རིན་པོ་ཆེའི་བུ་སློབ་དང་ སློབ་མ་མཁས་པ་མང་རབས་ཅིག་བྱོན་ཏེ་ དམ་པའི་ཆོས་ཀྱི་བསྟན་པ་དར་ཞིང་རྒྱས་ཡོདཔ་ལས་བརྟེན་ གདན་སའི་མཚན་ལུ་ རྡོར་དགོན་དར་རྒྱས་ཆོས་གླིང་དགོན་པ་ཟེར་དར་ཁྱབ་སོང་ཡོདཔ་ཨིན་པའི་ ར་ཁུངས་ཚུ་ སྐྱབས་ཆ་རྒེད་འོག་གི་དམངས་མི་ལྕང་ལོ་གིས་བཤདཔ་ཨིན་པས།